གཏམ་རྒྱུད་དང་ལྷ་སྒྲུང་ནི་སྤྱི་ཚོགས་ཡོད་ཚད་ཁྲོད་དར་ཁྱབ་ཆེ་མོད།འོན་ཀྱང་དེ་ཚོ་རྩོམ་རིག་གམ་དཔེ་ཆའི་རིག་གནས་ཞེས་འབོད་ཆོག་པར་གྱུར་བའི་གནས་ཚུལ་ནི་མཐོང་དཀོན་པ་ཡིན།སྐད་རིགས་མང་པོར་ཁ་སྐད་མ་གཏོགས་ཐ་ན་ཡི་གེའི་མ་ལག་ཀྱང་མེད་ལ། ཁ་སྐད་ཡིག་ཐོག་ཏུ་ཕབ་ཐུབ་རྒྱུ་བྱུང་བ་དེས་ཀྱང་རྩོམ་རིག་གི་འགོ་ཚུགས་པ་མཚོན་མི་ཐུབ་པས། འོ་ན་རྩོམ་རིག་ནི་ཇི་ལྟར་བྱུང་བ་ཡིན་ནམ། རྩོམ་འདིས་ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་བོད་འབར་སྐད་རིགས་ཀྱི་ཁོངས་སུ་གཏོགས་པའི་གྲངས་ཉུང་མི་རིགས་ཤིག་སྟེ།འཇང་རིགས་དང་།དེ་བཞིན་ཁོང་ཚོའི་ཆོ་གའི་ཡིག་ཆ་རྣམས་ཇི་ལྟར་འཕེལ་རྒྱས་བྱུང་སྟེ་འཛད་སྤྱོད་རྒྱ་ཆེ་བའི་རྩམ་རིག་ཅེས་གྱུར་ཚུལ་སྐོར་ལ་དཔྱད་ཞིབ་བྱས་ཏེ་དྲི་བ་འདིར་ལན་བཏབ་པར་འབད་ཡོད།
དེས་ན་ང་ཚོས་རྩོམ་རིག་གི་ལོ་རྒྱུས་དང་རྩོམ་རིག་གི་འབྱུང་སྟངས་ལ་ཁུངས་ཞིག་དེད་ན།ཉེ་དུས་ཀྱི་ཆེད་སྒྲིག་དཔེ་དེབ་ཞིག་སྟེ་རྩོམ་རིག་ཇི་ལྟར་འགོ་ཚུགས་པ།འཛམ་གླིང་གི་ལོ་རྒྱུས། (ལན་ཌེ་Lande དང་ Feeneyཧྥེ་ནི། ༢༠༢༡ལོ)་ཞེས་པ་དེ་དཔེ་མཚོན་བཞག་ན།དཔེ་དེབ་ཀྱི་ཁ་བྱང་ལས་བསྟན་པ་ལྟར།རྩོམ་སྒྲིག་པ་ལན་ཌེ་དང་ཧྥེ་ནི་གཉིས་ཀྱིས་དེབ་འདིའི་ནང་རྩོམ་རིག་གི་ལོ་རྒྱུས་བྱུང་སྟངས་རྣམས་གསལ་སྟོན་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད།དེབ་དེ་ནི་ས་ཁུལ་དབྱེ་བསྒྲིགས་ལ་བརྟེན་ནས་སྒྲིག་འཛུགས་བྱས་ཡོད།དེའི་ནང་ལ་ཀྲུང་གོ་ནས་ཉི་ཧོང་དང་ཀོ་རི་ཡ་བརྒྱུད་དེ་རྒྱ་གར་དང་གྷི་རིག་དང་རོ་མ་བཙན་རྒྱལ་བཅས་ཀྱི་ལ་ཏིང་ཡི་གེ་རིག་པ་དང་།དེ་ནས་རོ་མན་སྐད་ཀྱི་རྩོམ་རིག་བཅས་འདུས་ཡོད་ལ།ཨ་ཧྥེ་རི་ཀ་གླིང་གི་རྩོམ་རིག་དང་ཨ་རིའི་རྒྱལ་ཁབ་ཀྱི་ཨ་ཧྥེ་རི་ཀའི་མི་རྒྱུད་ཡིན་པའི་རྩོམ་རིག་སྐོར་ཡང་དེབ་འདིའི་ནང་ལ་བཀོད་འདུག། དེ་མིན་དཔེ་དེབ་འདིའི་ནང་ལ་འཛམ་གླིང་གི་རྩོམ་རིག་ཞེས་པའི་སྡེ་ཚན་ཞིག་ཆེད་བཀོད་བྱས་ཡོད་མོད།དེ་ནི་ཕལ་ཆེར་དེབ་འདིའི་ཟུར་བཀོད་དང་འདྲ་ལ་མཇུག་ཏུ་ཤོག་ངོས་ཁ་ཤས་ཙམ་ལས་མི་འདུག མ་གཞི་དེབ་འདིའི་མཇུག་ཏུ་འཛམ་གླིང་གི་རྩོམ་རིག་ཞེས་སྡེ་ཚན་ལྷག་མ་ཞིག་ཆེད་དུ་སྒྲིག་པ་དེས་འཛམ་གླིང་ཧྲིལ་བོའི་རྩོམ་རིག་དེ་ཚུད་མེད་པ་མངོན་ལ་སྔོན་ནས་བཀོད་སྒྲིག་བྱས་ཚར་བའི་ཀྲུང་གོ་སོགས་ཀྱི་རྒྱལ་ཁབ་དེ་ཚོ་འཛམ་གླིང་རྩོམ་རིག་གི་ཁྱབ་ཁོངས་སུ་མི་གཏོགས་པ་ཡིན་ནམ།ཡིན་ན་ཡང་འཛམ་གླིང་རྩོམ་རིག་གི་ཐུན་མོང་གི་ཁྱད་ཆོས་ནི་ཡིག་སྒྱུར་དང་འབྲེལ་བ་ཡོད་པ་དེ་དཔེ་དེབ་འདིའི་མཇུག་བྱང་དུ་སྟོན་ལ།རྩོམ་པ་པོ་དག་གིས་གནས་ཚུལ་དེ་ལ་ཧ་ལས་པ་དང་ཡ་མཚན་བའི་ངང་ཚུལ་ཞིག་ཀྱང་མངོན་འདུག འཛམ་གླིང་རྩོམ་རིག་ཁྲོད་ཀྱི་ལོ་ཙཱའི་བྱེད་ནུས་ལ་ཡང་བསྐྱར་བསམ་བློ་བཏང་ན།ང་ཚོས་ངེས་པར་དུ་ལྟ་ཚུལ་གསར་བ་ཞིག་གི་ཐོག་ནས་རྩོམ་རིག་ལ་ཞིབ་ལྟ་བྱེད་དགོས་པ་མཚོན་པ་སྟེ།གལ་ཏེ་ང་ཚོས་གཏན་ལ་ཕབ་པའི་ལྟ་བའམ་ལྟེ་བའི་ཐབས་ལམ་ཞེས་པ་ཞིག་རྩ་བ་ནས་མེད་པའི་ཆ་བཞག་ན།རྩོམ་རིག་གི་ལོ་རྒྱུས་ཀྱི་རྣམ་པ་ཅི་འདྲ་ཞིག་མངོན་སྲིད་དམ།ཡང་ན་ངས་བལྟས་ན་དེ་ནི་ངོ་བོའི་ཐོག་ནས་ལོ་ཙཱའི་ལོ་རྒྱུས་ཡིན་ཅེས་བཤད་ཆོག རྩོམ་རིག་གི་འབྱུང་ཁུངས་ནང་ཡིག་བསྒྱུར་གྱི་བྱེད་ནུས་སྐོར་གྱི་གནད་དོན་དེ་ནི་འཛམ་གླིང་རྩོམ་རིག་གི་སྤྱི་ཡོངས་ཀྱི་རང་བཞིན་ལྟར།ང་ཚོས་དེའི་ཁོངས་གཏོགས་ཀྱི་གནས་ཚུལ་ཡོངས་རྫོགས་རྟོགས་མི་ནུས། དེ་བས་ང་ཚོ་ལ་སྔར་ལས་གསལ་བའི་དམིགས་ཡུལ་དང་།རྒྱང་ཤེལ་ལྟ་བུའི་ལྟ་ཞིབ་བྱེད་ཐབས་ཤིག་དགོས་སྟེ། རྒྱང་རིང་ལ་གནས་པའི་བྱ་དངོས་དེ་དག་ཆེ་རུ་གཏོང་དགོས།
དེས་ན་ང་ཚོས་ཐོག་མར་ཡིག་བསྒྱུར་གྱིས་འཛམ་གླིང་གི་རྩོམ་རིག་ཞེས་པའི་བསྒྱུར་ཡིག་གི་རྩོམ་ལུས་དེ་མ་ཚད་སྤྱིར་རྩོམ་རིག་ཞེས་པ་དེ་ཇི་ལྟར་སྐྲུན་ཐུབ་པ་ཡིན་ནམ་ཞེས་པའི་དྲི་བ་དེར་གཞིར་བཟུང་ནས།དེ་ནས་རྒྱང་ཤེལ་གི་ལྟ་སྟངས་ལ་བརྟེན་ནས་ལྟ་ཞིབ་བྱས་ཏེ་སྔར་ལས་ཕུན་སུམ་ཚོགས་པའི་ཞིབ་ཆ་གཅིག་བསྡུས་བྱེད་མགོ་བརྩམས། དེ་བཞིན་ང་ཚོའི་མཐོང་རྒྱ་ཡ་གླིང་ནས་མགོ་བརྩམས་ཏེ།སུ་ཀ་ཐུས་(Scott)༢༠༠༩་ལོར་བྲིས་པའི་རྒྱལ་ཁབ་བཅོས་སྐྱོང་ལ་འགོག་རྒོལ་བྱེད་པའི་མིང་དུ་གྲགས་པའི་རི་ཁུལ་གྱི་ཚོ་པ་འདུས་སྡོད་ཁུལ་ཟོ་མི་ཡ(Zomia)ཞེས་པའི་ས་ཆར་བསྐྱོད། དེར་མུ་མཐུད་དུ་ཀྲུང་གོའི་ལྷོ་ནུབ་ཀྱི་མི་རིགས་མང་པོའི་འདུས་སྡོད་ཁུལ་དང་ཧི་མ་ལ་ཡའི་རི་འདབས་ཀྱི་བརྗིད་ཆགས་ཉམས་ལྡན་གྱི་ལུང་གཞུང་མཐོང་།དེ་ནས་རྒྱང་ཤེལ་གྱི་བར་ཐག་ཡང་བསྐྱར་ཇེ་ཉེར་བཏང་ན།ལི་ཅང་གནའ་མཁར་གསལ་པོར་མངོན་་ཐུབ།འདི་ནི་འཇང་མི་རིགས་ཀྱི་རིག་གནས་ཀྱི་ལྟེ་གནས་ཡིན།
འཇང་རིགས་ལ་ཕ་ཝང་དཀར་པོ་དང་འབྲེལ་བའི་ལྷ་སྒྲུང་ཆ་ཚང་བ་ཅིག་ཡོད་པ་དང་།ལྷ་སྒྲུང་དེའི་ནང་ལ་ཕ་ཝང་དཀར་པོ་གནམ་ལ་འཕུར་ནས་ཁྱད་འཕགས་ཀྱི་མོ་རྩིས་གསུང་རབ་འཚོལ་བསྡུ་བྱེད་པའི་སྐོར་གྱི་གཏམ་རྒྱུད་བཤད་ཡོད། ཕ་ཝང་དཀར་པོའི་གཏམ་རྒྱུད་དེས་་མི་རྣམས་ཀྱི་ཡིད་སེམས་འགུག་པ་མ་ཟད།ང་རྒྱལ་དང་བག་མེད་རྣམ་གཡེང་གི་དཔའ་བོའི་མི་སྣ་གཙོ་བོ་ཞིག་ཀྱང་བཞེངས་ཡོད། དེ་ཡང་ཀྲུང་གོའི་སྲོལ་རྒྱུན་ཁྲོད་ཞོན་ཙང་བླ་མ་(602–664)ནི་ནང་བསྟན་ལོ་ཙཱ་བ་ནས་རིམ་བཞིན་ནང་བསྟན་རྩོམ་རིག་རིག་གནས་ཀྱི་མཚོན་བྱེད་དུ་གྱུར་པ་ལྟར། ལྷ་སྒྲུང་གི་ཁྱད་ཆོས་ལྡན་པའི་ཕ་ཝང་དཀར་པོ་དེ་ཡང་འཇང་རིགས་ལ་མཚོན་ན་དེ་དང་འདྲ་བའི་དཔེ་ཆའི་རིག་གནས་ཀྱི་མཚོན་བྱེད་དུ་གྱུར་ཡོད། ཡིན་ན་ཡང་གཏམ་རྒྱུད་འདི་གང་ནས་བྱུང་བ་ཡིན་ནམ།ཕ་ཝང་དཀར་པོ་དེ་ལ་དོན་སྙིང་འདི་འདྲ་ཞིག་སྤྲད་དགོས་པའི་རྒྱུ་མཚན་གང་ཡིན་ནམ།ལྷ་སྒྲུང་འདི་རྩོམ་རིག་རིག་གནས་སུ་ཇི་ལྟར་གྱུར་བ་ཡིན་ནམ།དཔྱད་རྩོམ་འདིའི་ནང་དུ་འཇང་རིགས་ཀྱི་སྲོལ་རྒྱུན་ཁྲོད་ཀྱི་ཕ་ཝང་དཀར་པོའི་གཏམ་རྒྱུད་དེ་དཔེ་མཚོན་དུ་བཟུང་ནས།ཧི་མ་ལ་ཡའི་ཤར་རྒྱུད་ཀྱི་བཤད་སྲོལ་རྣམས་ཇི་ལྟར་བསྒྱུར་སྒྲིག་གི་ཐབས་ལམ་བརྒྱུད་ནས་་སྒྲུང་རྩོམ་ཐུན་མོང་མ་ཡིན་པ་གཅིག་ཏུ་གྲུབ་པ་དང་དེ་དཔེ་ཆའི་རིག་གནས་ཀྱི་མཚོན་རྟགས་སུ་གྱུར་པའི་སྐོར་གསལ་སྟོན་བྱས་ཡོད།མ་གཞི་རྩོམ་རིག་བརྩམས་ཆོས་དེ་སྐད་ཡིག་གཅིག་ནས་སྐད་ཡིག་གཞན་ཤིག་ལ་མ་བསྒྱུར་གོང་།ལྷ་སྒྲུང་དང་མཛད་སྒོའི་ཡིག་ཆ་ནས་རྩོམ་རིག་ལ་འགྱུར་བའི་ལམ་བུ་བརྒྱུད་དགོས་ལ་གོ་རིམ་དེའི་ཁྲོད་དུ་བསྒྱུར་བཅོས་མང་པོ་མྱོང་དགོས་པ་རེད།རྩོམ་རིག་ཏུ་འགྱུར་བའི་བརྒྱུད་རིམ་འདི་ནི་གལ་ཆེ་ཤོས་དེ་ཡིན་ལ་།ངས་དེ་ནི་བརྩམས་ཆོས་མངོན་འགྱུར་ཞེས་པའི་བརྒྱུད་རིམ་ཞིག་ཏུ་བརྩི་བཞིན་ཡོད།ང་ཚོས་འཇང་རིགས་ཀྱི་ཕ་ཝང་གི་ལྷ་སྒྲུང་ལས་རྩོམ་རིག་མངོན་འགྱུར་ཀྱི་བརྒྱུད་རིམ་དེ་ཐད་ཀར་རྟོགས་ཐུབ།
ལྷ་སྒྲུང་དེ་མཐར་རྩོམ་རིག་བརྩམས་ཆོས་སུ་གྱུར་མོད།འོན་ཀྱང་བརྒྱུད་རིམ་འདིར་ལོཙཱའམ་བསྒྱུར་བཅོས་རིམ་པ་མང་པོ་བརྒྱུད་ཡོད་པ་སྟེ།གཡར་སྤྱོད་དང་སྒྲིག་སྦྱོར། ད་དུང་གོ་རིམ་བཞིན་འཐུས་སྒྲིག་བྱས་པ་དང་སྤྲོས་བཅས་ཀྱི་བསྒྱུར་བཅོས་བཅས་འདུས་ཡོད། ལྷ་སྒྲུང་དེའི་ལེའུ་རྣམས་ལ་ཞིབ་དཔྱད་བྱས་ཚེ། ང་ཚོས་དེ་ནི་ཡིག་རྙིང་སྣ་ཚོགས་ཀྱིས་གྲུབ་པ་ཞིག་ཡིན་པ་དང་།དེ་ནི་སྔོན་མའི་མཚོན་རྟགས་རྣམས་ཕྱོགས་སྒྲིག་བྱས་ཏེ་དོན་མཚོན་གསར་པ་ཞིག་བཟོ་བའི་བསྒྱུར་བཅོས་ཏེ།སྣ་ཚོགས་བསྡེབས་སྒྲིག་ཅིག་ཡིན་པ་ཤེས་ཐུབ།སྣ་ཚོགས་བསྡེབས་སྒྲིག་ཞེས་པ་ནི་འབྱུང་ཁུངས་སྣ་ཚོགས་ཀྱི་ཆ་ཚན་དང་དུམ་བུ་མང་པོ་་འདྲེས་སྦྱོར་ཞིག་ཡིན་ལ།ཕ་ཝང་དཀར་པོའི་གཏམ་རྒྱུད་ནི་རིག་གཞུང་མང་པོའི་ཆ་ཚན་དང་སྐད་རིགས་མང་པོའི་འདྲེས་མ་ཞིག་ཡིན། དཔེར་ན། གཏམ་རྒྱུད་དེའི་ནང་གི་ཕ་ཝང་གིས་མཐར་གསུང་རབ་རྣམས་ཐོབ་ནས།མཐར་ང་རྒྱལ་གྱིས་ཁེངས་པས། དཔེ་ཆ་རྣམས་གསེར་གྱི་སྦལ་པའི་་ཁ་ནང་དུ་དབྱུགས་ཤིང་སྦལ་པ་དེ་བསད་པ་དང་། དེའི་ལུས་ཕུང་དང་ནང་ཁྲོལ་རྣམས་ནི་མོ་འདེབས་རྩིས་རིག་ཉམས་ལེན་གྱི་རྨང་གཞིར་ཏེ་འབྱུང་བ་ལྔ་དང་རྒྱ་ནག་གི་ལོ་རིས་སོགས་སུ་གྱུར་ཏོ།།
དུས་རབས་ཉི་ཤུ་པའི་དུས་མཇུག་ཏུ་འཇང་རིགས་རྩོམ་པ་པོ་ཧྲ་ལི་ཡིས་སྦལ་རིས་ཀྱིས་འཇང་རིགས་བུད་མེད་ཀྱི་སྲོལ་རྒྱུན་གྱོན་ཆས་ལ་མཚོན་བྱེད་ཀྱི་དོན་སྙིང་སྐོར་དཔྱད་བསྡུར་བྱེད་པའི་རྒྱ་ཡིག་གི་ལྷུག་རྩོམ་ཞིག་སྤེལ་བས་ཕ་བོང་གི་ལྷ་སྒྲུང་དེ་རྩོམ་རིག་གི་ངོ་བོ་་ཇེ་ཆེར་ཐོན་པ་རེད།ཧྲ་ལི་ཡིས་གཏམ་རྒྱུད་དེའི་ནང་ལ་དེང་རབས་ཀྱི་གཞི་རྒྱུ་དང་རྒྱ་རིགས་ཀྱི་དཔེ་མཚོན་གཏམ་རྒྱུད་བཅས་ཁ་བསྣན་བྱས་ནས་བརྗོད་ཡོད།ངས་ཕ་ཝང་དཀར་པོའི་གཏམ་རྒྱུད་ཀྱི་འབྱུང་ཁུངས་དང་རྩོམ་རིག་ཏུ་་གྱུར་པའི་སྐོར་ལ་དཔྱད་གཞི་བྱས་ཏེ།དེ་ནི་སྐད་བསྒྱུར་གྱི་རིགས་པའི་གཞུང་ལུགས་ལས་བརྡ་རྟགས་ཀྱི་བསྒྱུར་བ་དང་།[དཔེར་ན།གཏམ་རྒྱུད་ནས་རྩོམ་རིག་ཏུ་འགྱུར་བ་དང་།དམངས་ཁྲོད་ཀྱི་བློ་གྲོས་ནས་རྩོམ་རིག་ཏུ་འགྱུར་བ་དང་།]་སྲོལ་རྒྱུན་གྱི་སྐད་སྒྱུར་[དཔེར་ན།བོད་སྐད་ནས་འཇང་རིགས་ཀྱི་སྐད་དམ་འཇང་སྐད་ནས་རྒྱ་ཡིག་ལ་སྒྱུར་བར]གཉིས་ཀྱི་ཁོངས་སུ་གཏོགས་པར་ངོས་ལེན་བྱས་ཡོད་ལ་།དེ་ལས་གཙོ་་ཆེ་བ་ནི་བསྒྱུར་བ་དེ་ནི་དོན་བརྗོད་ཀྱི་རྣམ་པ་ཞན་པ་ནས་དོན་བརྗོད་ཆ་ཚང་བའི་རྩོམ་རིག་གི་རྣམ་པར་གང་ལེགས་སུ་གྲུབ་པ་ཞིག་ཏུ་འགྱུར་བའི་བརྒྱུད་རིམ་ཤིག་ཡིན་པ་དང་།བརྒྱུད་རིམ་དེའི་ཁྲོད་དུ་སྐད་རིགས་དང་རིག་གཞུང་ཕན་ཚུན་བསྲེས་མ་དང་འགྱུར་བཅོས་ཀྱི་རང་བཞིན་ལྡན་པ་རེད།
རྩོམ་ཡིག་འདིས་ལོ་ཙཱ་རིག་པའི་ཐད་འཁོར་ཡུག་དང་རྒྱུ་རྐྱེན་སྣ་མང་བསམ་གཞིགས་གཏོང་དགོས་པའི་ཞིབ་དཔྱད་ཀྱི་ལྟ་བ་དང་འཕེལ་ཕྱོགས་དེར་བསྟུན་ནས།རྩོམ་རིག་གི་ལོ་རྒྱུས་ལ་བསྐྱར་དུ་དཔྱད་པ་གཏིང་ཟབ་ཅིག་བྱེད་དགོས་པའི་སྐུལ་མ་བྱས་ཡོད་ཅིང་།དེ་ནི་གཏན་ལ་ཕབ་པའི་གྲགས་ཅན་གྱི་གཞུང་ལུགས་དང་། འཛམ་གླིང་རྩོམ་རིག་ཞེས་པའི་བརྗོད་ལམ་ལས་བརྒལ་སྟེ། ཕྱོགས་གཅིག་གཙོ་འཛིན་མེད་པའམ་ལྟེ་བ་དོར་ནས་དེ་སྔོན་སྣང་མེད་དང་རིན་ཐང་མེད་པ་བརྩིས་པའི་སྲོལ་རྒྱུན་རྣམས་ལ་དོ་སྣང་བྱེད་པའི་ཐབས་ལམ་དེ་ཡིན།ལོ་ཙཱ་ནི་སྐད་ཡིག་བར་གྱི་ཡིག་རིགས་བརྗེ་སྒྱུར་ཙམ་མ་ཡིན་པར།རྩོམ་རིག་རང་ཉིད་ཀྱི་འགོ་བཙུགས་པ་ནས་བཟུང་རྩོམ་རིག་དབྱིབས་འགྱུར་དང་འདྲ་བསྒྱུར་གྱི་གོ་རིམ་གལ་ཆེན་ཞིག་ཡིན་ལ། བརྒྱུད་རིམ་འདིས་སྲོལ་རྒྱུན་གྱི་ཞིབ་འཇུག་ཁྲོད་རྒྱུན་དུ་སྣང་མེད་དུ་བཞག་པའི་རྩོམ་རིག་སྲོལ་རྒྱུན་གྱི་འགུལ་རྣམ་གྱི་ངོ་བོ་གསལ་སྟོན་བྱེད་ཀྱིན་ཡོད། དེ་བས་ང་ཚོས་འཛམ་གླིང་གི་རྩོམ་རིག་ཆུང་གྲས་ལ་དོ་སྣང་སྤྲད་ཚེ་མཐོང་རྒྱ་ཇེ་ཆེར་འགྲོ་ངེས།